Login

Signup

ཏོག་དབྱིབས་ནད་དུག་གི་ཆེས་སྤྱིར་བཏང་གི་ནད་རྟགས་ཁག་ནི། ཚ་བ་རྒྱས་པ་དང་། ཐང་ཆད་པ། སྐམ་ལུ་རྒྱག་པ། དབུགས་ལེན་དཀའ་བ(ཛ་དྲག་གི་གནས་སྟངས།)་སོགས་ཡིན། ནད་པ་ཁ་ཤས་ལ་གཟུགས་པོར་ན་ཟུག་གཏོང་བ་དང་། སྣ་འགག་པ། སྣ་ཆུ་བཞུར་བ། མིད་པ་ན་བ། གྲོད་ཁོག་བཤལ་བ་སོགས་ཀྱང་ཡོང་སྲིད། ནད་རྟགས་འདི་དག་སྤྱིར་བཏང་ཆམ་ནད་ཀྱི་ནད་རྟགས་འདྲ་བོ་ཡོད་ལ། དེ་དག་རིམ་བཞིན་འཕེལ་གྱི་ཡོད། མི་ཁ་ཤས་ལ་ན་ཚ་འགོས་ཡོད་རུང་། ནད་རྟགས་གང་ཡང་མི་ཐོན་པ་དང་། མི་བདེ་བ་ཚོར་བ་གང་ཡང་མི་ཡོང་བ་དེ་འདྲའང་ཡོད། མི་ཞིག་ལ་ནད་དུག་ཕོག་ཡོད་སྲིད་ཀྱང་། ཉིན་༡་ནས་ཉིན་༡༤་རྗེས་ལ་མ་གཏོགས་ནད་རྟགས་མི་ཐོན། ནད་དུག་ཕོག་མཁན་གྱི་ནད་པའི་ཁོངས་ནས་བརྒྱ་ཆ་༨༠ ལ་དམིགས་བསལ་གྱི་སྨན་བཅོས་དེ་འདྲ་མ་བྱས་པའི་ཐོག་ནས་དྲག་བསྐྱེད་འབྱུང་གི་ཡོད། དུག་དབྱིབས་ནད་དུག་ཕོག་མཁན་གྱི་ནད་པའི་དྲུག་ཆའི་གཅིག(༡/༦)་ལ་ནད་ལྕི་པོ་ཕོག་མཁན་ཡིན་ལ། ཁོང་ཚོར་དབུགས་གཏོང་ལེན་བྱེད་དཀའ་བའི་དཀའ་ངལ་འཕྲད་ཀྱི་ཡོད། ལོ་རྒན་པའི་རིགས་དང་། མིག་སྔར་ཁྲག་ཤེད་མཐོ་བའི་ནད་དང་། སྙིང་ནད། གཅིན་སྙི་ཟ་ཁུའི་ནད་སོགས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་རིགས་ལ་ཏོག་དབྱིབས་ནད་དུག་གི་ན་ཚ་ལྕི་པོ་ཕོག་པའི་ཉེན་ཁ་ཆེན་པོ་ཡོད།  ཚ་བ་རྒྱས་པ་དང་། གློ་ལུ་བ། དབུགས་ལེན་དཀའ་བའི་མི་ཚོས། ངེས་པར་དུ་སྨན་པར་བསྟེན་དགོས།

མཇུག་སྡོམ།

ཏོག་དབྱིབས་ནད་དུག་ནི་དངོས་ཡོད་ཀྱི་ན་ཚ་ཞིག་ཡིན། རང་ཉིད་གཅིག་པུ་ཙམ་མ་ཡིན་པར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་རྩའི་ཆེད་དུ། དངོས་ངེས་ཀྱི་སྔོན་འགོག་གི་བྱེད་ཐབས་སྤྱད་དགོས། དཔེར་ན། རང་ཁྱིམ་དུ་བསྡད་དེ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་ཇུས་ལ་གུས་བརྩི་བྱས་དགོས།  གལ་ཏེ་ཁྱེད་ལ་ན་ཚ་འགོས་ཚེ། སེམས་ཕམ་མི་རུང་ལ། དུས་མཚུངས་སུ་ན་ཚ་ཁྱབ་བརྡལ་མ་འགྲོ་བའི་ཐད་དུ་འབད་རྩོལ་བྱེད་དགོས། དགོས་ངེས་ཀྱི་ལག་ལེན་ཁག་ལག་བསྟར་བྱས་ཏེ་རང་གིས་རང་ལ་ནད་བཅོས་བྱེད་དགོས་ལ། ནད་དུག་ཕོག་མཁན་གྱི་ནད་པ་མང་ཆེ་བ་(བརྒྱ་ཆ་༨༠) ལ་དམིགས་བསལ་གྱི་སྨན་བཅོས་དེ་འདྲ་མ་བྱས་པའི་ཐོག་ནས་དྲག་བསྐྱེད་འབྱུང་གི་ཡོད་བསམས་ཏེ་སེམས་པ་སྐྱིད་པོ་བྱས་ནས་སྡོད་དགོས། གལ་ཆེ་ཤོས་ནི་དགོས་ངེས་ཀྱི་གསོལ་སྨན་དང་ཞལ་ལག་མཆོད་དགོས། ཚང་མ་འགྲིག་གི་རེད་བསམས་ཏེ། བསམ་བློ་ཡག་ས་ནས་གཏོང་དགོས།

ཡོངས་ཁུངས།

གནས་ཚུལ་རྒྱས་པ་མཁྱེན་འདོད་ཚེ། 

(WHO=World Health Organization) 

https://www.who.int/news-room/q-a-detail/q-a-coronaviruses#:~:text=symptoms

འཛམ་གླིང་འཕྲོད་བསྟེན་་རྩ་འཛུགས་ཀྱི་ངོས་ནས་བཏོན་པའི་གཞི་རྩའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ལམ་ཁག

 

རྒྱུན་དུ་རང་ཉིད་ཀྱི་ལག་པ་ཁྲུས།

  • ཆང་བཅུད་འདུས་པའི་དུག་སེལ་བཤེར་ཆུ་དང་། ཡང་ན། འདག་རྫས་དང་ཆུ་ནང་དུ་ལག་པ་ཡང་ཡང་གཙང་མ་བཀྲུ་དགོས། ཅིའི་ཕྱིར་ཞེ་ན། ཆང་བཅུད་འདུས་པའི་དུག་སེལ་བཤེར་ཆུ་དང་། ཡང་ན། འདག་རྫས་དང་ཆུ་ནང་དུ་ལག་པ་བཀྲུས་ན། དེས་ཁྱེད་ཀྱི་ལག་སྟེང་དུ་ཡོད་སྲིད་པའི་འབུ་ཕྲ་གསོད་ཀྱི་ཡོད།

སྤྱི་ཚོགས་རྒྱང་བཀྱེད་རྒྱུན་འཁྱོངས་བྱོས།

  • ཁྱེད་རང་དང་ཁྱེད་ཀྱི་ཉེ་འགྲམ་དུ་གློ་ལུ་བ་དང་ཧབ་སྦྲིད་རྒྱག་མཁན་བར་དུ་ཉུང་མཐར་ཡང་རྨིད་༡་གི་བར་ཐག་འཇོག་དགོས།

ཅིའི་ཕྱིར།

  • མི་ཞིག་གིས་གློ་ལུ་བ་དང་ཧབ་སྦྲིད་བརྒྱབ་པ་ཡིན་ན།  ཁོའི་སྣ་དང་ཁ་ནས་འབུ་ཕྲ་ཡོད་ངེས་པའི་གཤེར་ཐིགས་ཆུང་ཆུང་མང་པོ་གཏོར་གྱི་ཡོད། གལ་ཏེ། གློ་ལུ་མཁན་དང་ཧབ་སྦྲིད་རྒྱག་མཁན་གྱི་མི་དེར་ན་ཚ་ཡོད་ཚེ། ཁྱེད་རང་མིའི་དེའི་ཉེ་འགྲམ་དུ་བཅར་ཡ་མང་དྲགས་ན། ཁྱེད་ཀྱིས་ཏོག་དབྱིབས་ནད་དུག་ཐེ་བའི་འབུ་ཕྲའི་རིགས་རྔུབ་སྲིད་པའི་ཉེན་ཁ་ཡོད།

སོ་སོའི་་མིག་དང་སྣ། ཁ་སོགས་ལ་ལག་པ་འཆང་མི་རུང་།

ཅིའི་ཕྱིར།

  • ལག་པས་ཅ་དངོས་མང་པོར་འཆང་གི་ཡོད་སྟབས། འབུ་ཕྲ་འཁྱེར་ཡོང་སྲིད། གལ་ཏེ་ལག་པའི་སྟེང་དུ་འབུ་ཕྲ་ཡོད་ཚེ། འབུ་ཕྲ་དེ་ཁྱེད་ཀྱི་མིག་དང་སྣ། ཁ་སོགས་ལ་འགོ་སྲིད། གནས་དེ་དག་ནས། འབུ་ཕྲ་ཁྱེད་རང་གི་གཟུགས་པོའི་ནང་དུ་འཛུལ་ཏེ། ཁྱེད་རང་ལ་ནད་ཕོག་ཏུ་འཇུག་སྲིད།

དབུགས་ལམ་གྱི་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་དགོས།

  • ཁྱེད་རང་དང་ཁྱེད་རང་གི་ནང་མི་སྤུན་ཉེ་ཚོས་དབུགས་ལམ་གྱི་འཕྲོད་བསྟེན་རྒྱུན་འཁྱོངས་ཡག་པོ་བྱེད་དགོས། དེའི་དོན་ནི། གློ་ལུ་བ་དང་ཧབ་སྦྲིད་རྒྱག་དུས། གཙང་ཤོག་དང་ཡང་ན། གྲུ་མོས་བཀབ་དགོས། དེ་ནས་བཀོལ་སྤྱོད་བྱས་ཟིན་པའི་གཙང་ཤོག་དེ་མ་ཐག་སྙིགས་སྣོད་ནང་དུ་འདོར་དགོས། ཅིའི་ཕྱིར་ཞེ་ན། མཆིལ་མས་འབུ་ཕྲ་ཁྱབ་སྤེལ་གཏོང་གི་ཡོད། དབུགས་ལམ་གྱི་འཕྲོད་བསྟེན་རྒྱུན་འཁྱོངས་བྱས་ཚེ། ཁྱེད་ཀྱིས་སོ་སོའི་ཉེ་འཁོར་གྱི་མི་རྣམས། ཆམས་ནད་དང་ཆམས་རིམས། ཏོག་དབྱིབས་སོགས་ལས་སྐྱོབ་ཐུབ།
  • གལ་ཏེ། ཚ་བ་རྒྱས་པ་དང་། གློ་ལུ་བ། དབུགས་ལེན་དཀའ་བ་སོགས་ཀྱི་དཀའ་ངལ་འཕྲད་ཚེ། སྔ་ས་ནས་སྨན་པར་བསྟེན་དགོས།

ཁྱེད་རང་གི་གཟུགས་གཞི་མི་བདེ་ན། ཁྱིམ་དུ་སྡོད་དགོས། ཁྱེད་རང་གི་ས་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་ཁག་ལ་ཉན་དགོས། 

ཅིའི་ཕྱིར།

  • རྒྱལ་ཁབ་རིམ་པ་དང་། ས་གནས་རིམ་པའི་དབང་འཛིན་ལས་ཁུངས་ལ།  ཁྱེད་རང་གི་ས་གནས་ཀྱི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་གསར་ཤོས་ཁག་ཡོད།

 

གནས་ཚུལ་རྒྱུས་ལོན་རྒྱུན་འཁྱོངས་དང་། ཁྱེད་རང་གི་འཕྲོད་བསྟེན་ལྟ་སྐྱོང་མི་སྣའི་ལམ་སྟོན་ལ་ཉན་དགོས།

  • ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་གསར་ཤོས་ཁག་ལ་རྒྱུས་ལོན་ཡོད་པ་བྱེད་དགོས། ཁྱེད་རང་དང་སོ་སོའི་ཉེ་འཁོར་གྱི་མི་གཞན་པ་ཁག་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུ། རང་ཉིད་ཀྱི་འཕྲོད་བསྟེན་ལྟ་སྐྱོང་མི་སྣ་དང་། རྒྱལ་ཁབ་རིམ་པ་དང་ས་གནས་རིམ་པའི་དབང་འཛིན་ལས་ཁུངས། ལས་ཀའི་སྦྱིན་བདག་བཅས་ཀྱིས་ཏོག་དབྱིབས་ནད་དུག་སྐོར་ལ་གནང་བའི་ལམ་སྟོན་ཁག་ལ་ཉན་དགོས།  ད་ལྟའི་ཏོག་དབྱིབས་ནད་དུག་ལ་དམིགས་བསལ་གྱི་སྨན་བཅོས་དང་འགོག་སྨན་མེད། འོན་ཀྱང་། སྨན་བཅོས་ཀྱི་ལྟེ་གནས་ཁང་མང་པོའི་ནང་དུ་ན་ཚ་འདི་བཅོས་ཐབས་སྐོར་ལ་ཞིབ་དཔྱད་དང་ཚོད་ལྟ་བྱེད་བཞིན་ཡོད། 

 

ཏོག་དབྱིབས་ནད་དུག་གི་ནད་རྟགས་ཕྲན་བུ་ཐོན་པའི་ནད་པར་རང་ཁྱིམ་དུ་ལྟ་སྐྱོང་བྱེད་སྟངས།

  • ནད་པ་རླུང་ཡག་པོ་རྒྱུག་ཐུབ་སའི་ཁང་པའི་ནང་ཁེར་གཙང་དུ་བཞག་སྟེ། སྒོ་དང་སྒེའུ་ཁུང་ཕྱེ་དགོས།
  • ནད་པའི་འགྲོ་བསྐྱོད་ཚོད་འཛིན་བྱེད་དགོས་ལ་། མཉམ་སྤྱོད་ཀྱི་ས་ཆ་ཉུང་དུ་གཏོང་དགོས།
  • མཉམ་སྤྱོད་ཀྱི་ས་ཆའི་རིགས། དཔེར་ན། ཁྲུས་ཁང་དང་ཐབ་ཚང་སོགས་ཀྱི་སྒེའུ་ཁུང་ཕྱེ་སྟེ། ནང་དུ་རླུང་ཡག་པོ་རྒྱུག་ཐུབ་པ་བྱེད་དགོས།
  • ཡག་ཤོས་བྱུང་ན། ཁྱིམ་མི་ཚང་མ་ཁང་པ་ལོགས་ཀའི་ནང་དུ་བསྡད་དགོས། དེ་ཡོང་ཐབས་མེད་ཚེ།  ནད་པ་དང་བར་ཐག་རྨིད་༡ འཇོག་དགོས་ལ། ཉལ་ཁྲི་ལོགས་ཀའི་སྟེང་དུ་ཉལ་དགོས།
  • ནད་པར་ལྟ་སྐྱོང་བྱེད་མཁན་གྱི་གྲངས་ཀར་ཚོད་འཛིན་བྱེད་དགོས། ཡག་ཤོས་བྱུང་ན། མི་གཅིག་རང་གཅིག་བཀོད་སྒྲིག་བྱོས།
  • དབུགས་གཏོང་ལེན་གྱི་སྐབས་སུ་ཐོན་པའི་འབུ་ཕྲ་འགོག་ཕྱིར། ནད་པར་ཁ་རས་མཁོ་སྤྲོད་བྱེད་དགོས་པར་མ་ཟད། རྒྱུན་དུ་ཁ་རས་བརྒྱབ་ཏུ་འཇུག་དགོས་ལ། ཉིན་མ་རེ་རེར་ཁ་རས་བརྗེ་རུ་འཇུག་དགོས།
  • ནད་པར་ཐུག་འཕྲད་བྱས་པའམ། ནད་པ་འདུག་སའི་ཁོར་ཡུག་ཏུ་ཕྱིན་རྗེས། ལག་པ་གཙང་བཟོ་བྱེད་དགོས།
  • ཞལ་ལག་གྲ་སྒྲིག་མ་བྱས་པའི་སྔོན་དང་། གྲ་སྒྲིག་བྱས་ཚར་བའི་རྗེས་གཉིས་ཀར་ལག་པ་གཙང་མ་བཀྲུ་དགོས་པར་མ་ཟད། ཞལ་ལག་མ་མཆོད་པའི་སྔོན་དང་། གསང་སྤྱོད་དུ་ཕྱིན་པའི་རྗེས་གཉིས་ཀར་ཡང་ལག་པ་བཀྲུ་དགོས།
  • ཁ་རས་དང་ལག་ཤུབས་བསྐྱར་དུ་བཀོལ་སྤྱོད་མ་བྱེད།
  • ཉིན་མ་རེ་རེར་གསང་སྤྱོད་དང་ཁྲུས་ཁང་གི་རྩིག་ངོས་སོགས་གཙང་བཟོ་དང་དུག་སེལ་བྱེད་དགོས།
  • ནད་པའི་དུག་ལོག་དང་། རས་གདན། ཨ་ཅོར་སོགས་ཆུ་ནང་དུ་སྤྱིར་བཏང་གི་འདག་རྫས་ཀྱིས་འཁྲུ་དགོས་ལ། གོས་འཁྲུད་འཕྲུལ་ཆས་ནང་ཚ་གྲངས་60–90 °C (140–194 °F) ཐོག་བཞག་སྟེ་བཀྲུས་རྗེས། ཡག་པོ་བསྐམ་དགོས།
  • ནད་པར་ལྟ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བཀོལ་སྤྱོད་བྱས་པའི་ཁ་རས་དང་ལག་ཤུབས། དེ་མིན་གྱི་གད་སྙིགས་སོགས། ཕྱི་ལ་མ་གཡུག་གོང་། ནད་པའི་ཁང་པའི་ནང་གི་ཁ་བརྒྱབ་ཡ་ཡོད་པའི་སྙིགས་སྣོད་ནང་དུ་བླུགས་དགོས།
  • ཆུ་དང་འདག་རྫས་བཀོལ་སྤྱོད་བྱས་ཏེ་ལག་པར་བཀྲུས་རྗེས། གཙང་ཤོག་གིས་ལག་པ་བསྐམ་དགོས།

དོགས་ཡོད་ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་ཚོར། འབྲེལ་འདྲིས་བྱུང་བའི་ཉིན་ནས་བརྩིས་པའི་དེའི་རྗེས་ཀྱི་ཉིན་༡༤་ནང་ཚུད་དུ། རང་རང་གི་འཕྲོད་བསྟེན་ལ་ཡིད་གཟབ་དང་དོ་དམ་བྱེད་དགོས་སྐོར་གྱི་ལམ་སྟོན་གནང་དགོས།

དོགས་ཡོད་ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་ནི། ནད་དུག་འགོས་ཡོད་པའི་མི་ལ་ཉིན་གཉིས་གོང་ནས་ཐུག་འཕྲད་བྱས་ཡོད་པ་དང་། དེའི་རྗེས་ཀྱི་ཉིན་༡༤་ནང་དུ་ནད་རྟགས་ཐོན་པའི་མི་ལ་གོ་དགོས་ལ། གཤམ་གྱི་གནས་སྟངས་འདི་དག་ལ་འཕྲད་མྱོང་ཞིག་ཡིན་ཚེ། མི་དེ་དོགས་ཡོད་ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་ཆགས་ཀྱི་ཡོད། 

  • COVID-19ནད་དུག་འགོས་ཡོད་པའི་ནད་པ་དང་མཉམ་དུ་སྐར་མ་༡༥་རིང་། བར་ཐག་རྨིད་༡་གི་སར་གདོང་དང་གདོང་གཏད་ནས་ཐུག་འཕྲད་བྱས་ཡོད་པ་དང་།
  • འགོག་སྲུང་གི་ཡོ་ཆས་རིགས་དཔེར་ན། ལག་ཤུབས་དང་ཁ་རས་སོགས་མ་གྱོན་པར། COVID-19 ནད་དུག་འགོས་ཡོད་པའི་ནད་པར་ལྟ་སྐྱོང་བྱས་པ།
  • དུས་ཚོད་ངེས་མེད་དུ། ནད་དུག་འགོས་ཡོད་པའི་ནད་པ་ཡོད་སའི་འདུ་འཛོམས་ཀྱི་ས་གནས་གཅིག་ཏུ་ཡོད་པའམ། ལས་གནས་དང་། འཛིན་ཁང་། སྡོད་ཁང་སོགས་མཉམ་སྤྱོད་བྱས་ཡོད་པ། 
  • ནད་དུག་འགོས་ཡོད་པའི་ནད་པ་དང་མཉམ་དུ་འགྲུལ་བསྐྱོད་བྱས་ཡོད་པ། (བར་ཐག་རྨིད་༡་ནང་དུ)
  • ད་དུང་། ས་གནས་ཀྱི་ཉེན་ཁའི་དཔྱད་ཞིབ་ལས་མངོན་པའི་གནས་སྟངས་གཞན་པ་ཁག་ཀྱང་ཚུད་ཡོད།

དོགས་ཡོད་ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་ལ་ནད་རྟགས་ཐོན་ཚེ། གཤམ་གྱ་ི་གོ་རིམ་འདི་ལྟར་ལག་བསྟར་གནང་དགོས། 

  • ནད་རྟགས་ཡོད་པའི་ནད་པ་རྩིས་ལེན་བྱ་སའི་འབྲེལ་ཡོད་སྨན་བཅོས་ལས་ཁུངས་ལ་བརྡ་ལན་གཏོང་དགོས།
  • འགྲུལ་བཞུད་བྱེད་སྐབས་སྨན་བཅོས་འཚོལ་གྱི་ཡོད་ཚེ། ཚད་ལྡན་གྱི་སྨན་བཅོས་ཁ་རས་རྒྱག་དགོས།
  • ནད་རྟགས་ཡོད་པའི་མི་ཚོ་སྤྱི་པའི་འགྲིམ་འགྲུལ་སྤྱི་སྤྱོད་རླངས་འཁོར་ལྟ་བུའི་ནང་དུ་འགྲོ་བསྐྱོད་བྱེད་མི་རུང་། འོན་ཀྱང་། མྱུར་སྐྱོབ་རླངས་འཁོར་སྐད་བཏང་ཆོག་ལ། སྒེའུ་ཁུང་ཕྱེ་ཡོད་པའི་སྒེར་གྱི་རླངས་འཁོར་ནང་དུའང་ནད་པ་བསྐྱེལ་ཆོག
  • དོགས་ཡོད་ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་ལ་ནད་རྟགས་ཐོན་ཚེ། དབུགས་ལམ་དང་ལག་པ་གཙང་བཟོ་སོགས་དང་འབྲེལ་བའི་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་དགོས་ལ། འགྲུལ་བཞུད་དང་སྨན་བཅོས་ཀྱི་དུས་སྐབས་སུ། མི་གཞན་པའི་ཉེ་འགྲམ་དུ་སྡོད་མི་རུང་།(ཉུང་མཐར་ཡང་མི་གཞན་དང་བར་ཐག་རྨིད་༡་བཞག་དགོས།)
  • ནད་པ་སྐྱེལ་འདྲེན་གྱི་སྐབས་སུ། ནད་པས་ལག་པ་འཆང་ཡོད་སའི་ཕྱི་ངོས་གང་རུང་འདག་རྫས་ཀྱིས་གཙང་བཟོ་བྱས་རྗེས། རྫས་སྦྱོར་ལས་གྲུབ་པའི་གཤེར་ཁུས་དུག་སེལ་བྱེད་དགོས།

FAQs

ཏོག་དབྱིབས་ནད་དུག་ནི་ཅི་ཞིག་ཡིན།

ཏོག་དབྱིབས་ནད་དུག་ནི་ནད་དུག་གི་ཁྱིམ་རྒྱུད་ཆེན་མོ་ཞིག་ཡིན་ལ། དེས་མི་དང་སྲོག་ཆགས་ཀྱི་གཟུགས་པོའི་ནང་དུ་ན་ཚ་བསྐྱེད་ཀྱི་ཡོད། དབུགས་ལམ་ལ་གཉན་ཚབས་རྒྱས་སུ་འཇུག་མཁན་གྱི་ཏོག་དབྱིབས་ནད་དུག་ཁ་ཤས་ངོས་འཛིན་ཐོབ་ཡོད་པ་ཁག་ནི། སྤྱིར་བཏང་གི་ཆམས་ནད་དང་། ཚབས་ཆེ་བའི་སར་སིའི་ (SARS)ཏོག་དབྱིབས་ནད་དུག་དང་། མཱར་སི་(MERS)གློ་ཚད་རིམས་ནད་སོགས་ཡིན། ཉེ་ལམ་གསར་དུ་ངོས་འཛིན་ཐོབ་པའི་ཏོག་དབྱིབས་ནད་དུག་དཔེ་གསར་ཅན་དེ་ནི། ཏོག་དབྱིབས་ཡོངས་ཁྱབ་རིམས་ནད (COVID-19)་ཟེར་བ་འདི་ཡིན།

ཏོག་དབྱིབས་ཡོངས་ཁྱབ་རིམས་ནད (COVID-19) ནི་ཅི་ཞིག་ཡིན།

ཏོག་དབྱིབས་ཡོངས་ཁྱབ་རིམས་ནད (COVID-19) ནི།  ཉེ་ལམ་གསར་དུ་ངོས་འཛིན་ཐོབ་པའི་དུག་དབྱིབས་ནད་དུག་གི་རིགས་ཤིག་གིས་བསྐྲུན་པའི་འགོས་ནད་ཅིག་ཡིན་ལ། ཕྱི་ལོ་༢༠༡༩་ལོའི་ཟླ་༡༢་པའི་ནང་དུ། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནང་དུ་མ་ཁྱབ་པའི་སྔོན་དུ། ནད་དུག་འདི་སུ་གང་ལའང་རྒྱུས་མངའ་མེད།

ཏོག་དབྱིབས་ཡོངས་ཁྱབ་རིམས་ནད (COVID-19) ལ་ནད་རྟགས་གང་དག་ཡོད།

ཏོག་དབྱིབས་ནད་དུག་གི་ཆེས་སྤྱིར་བཏང་གི་ནད་རྟགས་ཁག་ནི། ཚ་བ་རྒྱས་པ་དང་། ཐང་ཆད་པ། སྐམ་ལུ་རྒྱག་པ་སོགས་ཡིན། ནད་པ་ཁ་ཤས་ལ་གཟུགས་པོར་ན་ཟུག་གཏོང་བ་དང་། སྣ་འགག་པ། སྣ་ཆུ་བཞུར་བ། མིད་པ་ན་བ། གྲོད་ཁོག་བཤལ་བ་སོགས་ཀྱང་ཡོང་སྲིད། ནད་རྟགས་འདི་དག་སྤྱིར་བཏང་གི་ཆམ་ནད་ཀྱི་ནད་རྟགས་དང་འདྲ་བོ་ཡོད་ལ། དེ་དག་རིམ་བཞིན་འཕེལ་གྱི་ཡོད། མི་ཁ་ཤས་ལ་ན་ཚ་འགོས་ཡོད་རུང་། ནད་རྟགས་གང་ཡང་མི་ཐོན་པ་དང་། མི་བདེ་བའི་ཚོར་བ་གང་ཡང་མི་འོང་བ་དེ་འདྲའང་ཡོད། ནད་དུག་ཕོག་མཁན་གྱི་ནད་པའི་ཁོངས་ནས་བརྒྱ་ཆ་༨༠ ལ་དམིགས་བསལ་གྱི་སྨན་བཅོས་དེ་འདྲ་གང་ཡང་མ་དགོས་པའི་ཐོག་ནས་དྲག་བསྐྱེད་འབྱུང་གི་ཡོད། དུག་དབྱིབས་ནད་དུག་ཕོག་མཁན་གྱི་ནད་པའི་ཁོངས་ནས། དྲུག་ཆའི་གཅིག(༡/༦)་ནི་ནད་ལྕི་པོ་ཕོག་མཁན་ཡིན་ལ། ཁོང་ཚོར་དབུགས་གཏོང་ལེན་བྱེད་དཀའ་བའི་དཀའ་ངལ་འཕྲད་ཀྱི་ཡོད། ལོ་རྒན་པའི་རིགས་དང་། མིག་སྔར་ཁྲག་ཤེད་མཐོ་བའི་ནད་དང་། སྙིང་ནད། གཅིན་སྙི་ཟ་ཁུའི་ནད་སོགས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་རིགས་ལ་ཏོག་དབྱིབས་ནད་དུག་གི་ན་ཚ་ལྕི་པོ་ཕོག་པའི་ཉེན་ཁ་ཆེན་པོ་ཡོད།  ཚ་བ་རྒྱས་པ་དང་། གློ་ལུ་བ། དབུགས་ལེན་དཀའ་བའི་མི་ཚོས། ངེས་པར་དུ་སྨན་པར་བསྟེན་དགོས། 

ཏོག་དབྱིབས་ཡོངས་ཁྱབ་རིམས་ནད (COVID-19)ཇི་ལྟར་ཁྱབ་ཀྱི་ཡོད་དམ།

ཏོག་དབྱིབས་རིམས་ནད་འདི།  ནད་དུག་འགོས་ཡོད་པའི་མི་གཞན་པའི་ཕྱོགས་ནས་འགོས་ཀྱི་ཡོད། ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་ཕོག་ཡོད་པའི་མི་ཞིག་ལུ་བ་དང་ཡང་ན་ཧབ་སྦྲིད་རྒྱག་སྐབས། མི་དེའི་ཁ་སྣ་གཉིས་ཀ་ནས་ཐོན་པའི་མཆིལ་མ་བརྒྱུད་ནས། ནད་དུག་དེ་མི་གཞན་ལ་འགོ་ཡི་ཡོད། ཁ་སྣ་གཉིས་ནས་ཐོན་པའི་མཆིལ་མ་མི་དེའི་ཉེ་འགྲམ་གྱི་ཅ་དངོས་ཁག་གི་སྟེང་དུ་འཐོར་གྱི་ཡོད་པས། མི་གཞན་ཞིག་གིས་ཅ་དངོས་དེ་དག་ལ་ལག་པ་འཆང་རྗེས། སོ་སོའི་ཁ་དང་མིག སྣ་སོགས་ལ་ལག་པ་འཆང་ན། ནད་དུག་དེ་འགོས་འགྲོ་ཡི་ཡོད། མི་ཞིག་གིས་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་ཞིག་ལུ་བའམ་ཧབ་སྦྲིད་རྒྱག་སྐབས་སུ་འཐོར་བའི་མཆིལ་མ་དེ་དག་རྔུབ་པ་ཡིན་ན་ཡང་ནད་དུག་འགོས་ཀྱི་ཡོད། དེར་བརྟེན་ཁྱེད་རང་དང་ནད་དུག་འགོས་ཡོད་པའི་མིའི་བར་དུ་ཉུང་མཐར་ཡང་རྨིད་༡་གི་བར་ཐག་འཇོག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།

ཏོག་དབྱིབས་ཡོངས་ཁྱབ་རིམས་ནད (COVID-19)་འདི་མཁའ་རླུང་བརྒྱུད་ནས་ཁྱབ་སྤེལ་འགྲོ་སྲིད་དམ།

དུས་ད་ལྟའི་བར་གྱི་ཉམས་ཞིབ་གྲུབ་དོན་ཁག་གཞིར་བཞག་ན། ཏོག་དབྱིབས་ནད་དུག་དེ་ནད་དུག་འགོས་ཡོད་པའི་མིའི་མཆིལ་མ་གཞན་གྱིས་རྔུབ་པ་ལ་བརྟེན་ནས་འགོ་ཁྱབ་འགྲོ་ཡི་ཡོད་པ་མ་གཏོགས། མཁའ་རླུང་བརྒྱུད་ནས་ཁྱབ་སྤེལ་འགྲོ་ཡི་མེད། ཏོག་དབྱིབས་ཡོངས་ཁྱབ་རིམས་ནད (COVID-19)ཇི་ལྟར་ཁྱབ་ཀྱི་ཡོད་དམ་ཅེས་པའི་དྲིས་ལན་སྔོན་མ་དེར་གཟིགས་རོགས།

དུག་དབྱིབས་ནད་དུག་དེ་ནད་རྟགས་མེད་མཁན་གྱི་མིའི་ཕྱོགས་ནས་འགོ་སྲིད་དམ།

ཏོག་དབྱིབས་ནད་དུག་དེ་ནད་དུག་འགོས་ཡོད་པའི་མི་ཞིག་ལུ་བའི་སྐབས་སུ་ཐོན་པའི་མཆིལ་མ་དེ་ཉེ་འགྲམ་གྱི་མི་གཞན་པས་རྔུབ་པ་ལ་བརྟེན་ནས་འགོ་ཁྱབ་འགྲོ་ཡི་ཡོད། ནད་རྟགས་གང་ཡང་མེད་མཁན་གྱི་མིའི་ཕྱོགས་ནས་འགོ་བའི་ཉེན་ཁ་ཧ་ཅང་ཆུང་། འོན་ཀྱང་། ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་མང་ཆེ་བར་ཆམ་ནད་ལྟ་བུའི་ནད་རྟགས་ཕྲན་བུ་རེ་མ་གཏོགས་འབྱུང་གི་མེད་ལ། ལྷག་པར་དུ་ནད་འགོས་ཏེ་ཡུན་རིང་མ་ཕྱིན་པའི་་དུས་སྐབས་སུ། ནད་རྟགས་ཞེ་དྲག་ཐོན་གྱི་མེད། དེར་བརྟེན། ནད་དུག་འགོས་ཡོད་རུང་། ཆམས་ནད་ཀྱི་ནད་རྟགས་ཙམ་མ་གཏོགས། ན་བའི་ཚོར་བ་མེད་མཁན་གྱི་མིའི་ཕྱོགས་ནས་ཀྱང་ནད་དུག་འགོ་སྲིད།

ནད་དུག་ཕོག་ཚར་བའི་མིའི་བཤང་བའམ་དྲི་ཆེན་བརྒྱུད་ནས། ང་ལ་ན་ཚ་འགོ་སྲིད་དམ།

ནད་དུག་ཕོག་ཡོད་པའི་མིའི་དྲི་ཆེན་བརྒྱུད་ནས་མི་གཞན་ལ་ན་ཚ་འགོ་བའི་ཉེན་ཁ་ཧ་ཅང་ཆུང་། ནད་དུག་འདིའི་སྐོར་གྱི་ཐོག་མའི་ཉམས་ཞིབ་ཁ་ཤས་ཀྱི་ནང་དུ། དུག་དབྱིབས་ནད་དུག་དེ་མཚམས་རེར་མིའི་དྲི་ཆེན་གྱི་ནང་དུའང་ཡོད་ངེས་པ་བརྗོད་ཡོད་རུང་། དེ་ནི་ནད་དུག་དར་ཁྱབ་འགྲོ་སའི་ལམ་ཁ་གཙོ་བ་དེ་མིན། ད་ལྟ་དངོས་སུ་ཏོག་དབྱིབས་ནད་དུག་གི་སྐོར་ལ་ཉམས་ཞིབ་བྱེད་ཀྱི་ཡོད་པ་དེ་དག་བརྒྱུད་ནས། ཉམས་ཞིབ་གྲུབ་དོན་གསར་པ་མཁོ་འདོན་བྱེད་ངེས། གང་ལྟར་དྲི་ཆེན་བརྒྱུད་ནས་ནད་དུག་འགོ་བའི་ཉེན་ཁ་ཡང་ཡོད་སྲིད་པས། གསང་སྤྱོད་ལ་ཕྱིན་པའི་རྗེས་དང་། ཞལ་ལག་མ་མཆོད་པའི་སྔོན་དུ་ལག་པ་འཁྲུ་དགོས་པའི་རྒྱུ་མཚན་དེར་ཐུག་ཡོད།

སྐྱེ་འགོག་རྫས(antibiotics)་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་པའི་ནུས་པ་ལྡན་ནམ།

མི་ལྡན། སྐྱེ་འགོག་རྫས(antibiotics)་ལ་ཕྲ་སྲིན་(bacteria)གྱི་གཉན་ཚད་འགོག་པར་ཕན་པ་མ་གཏོགས། ནད་དུག་(virus)འགོག་པའི་ནུས་པ་མེད། དེ་བས། སྐྱེ་འགོག་རྫས་དེ་ཏོག་དབྱིབས་ནད་དུག་སྔོན་འགོག་དང་སྨན་བཅོས་ཀྱི་ཆེད་དུ་བཀོལ་སྤྱོད་བྱེད་མི་རུང་། སྐྱེ་འགོག་རྫས་དེ་ཕྲ་སྲིན་གྱི་གཉན་ཚད་རྒྱས་ཚེ། སྨན་པའི་ལམ་སྟོན་ཁོ་ནའི་འོག་ཏུ་ད་གཟོད་བཀོལ་སྤྱོད་བྱེད་དགོས།